ལེགས་བཤད་ལྗོན་དབང་།
作者:
出版社:sambhota.org

ལེགས་བཤད་ལྗོན་དབང་།

ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ།



བླ་མ་མཆོག་དང་དབྱེར་མེད་པའི། །འཇམ་པའི་དབྱངས་ལ་གུས་བཏུད་ནས། །

ཐོན་མིའི་ལེགས་བཤད་སུམ་ཅུ་པའི། །སྙིང་པོ་མདོར་བསྡུས་བཤད་པར་བྱ། །




༈ དབྱངས་ཀྱི་བྱ་བ་གསལ་པོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི། །

གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །ག་ང་ད་ན་བ་མ་འ། །

ར་ལ་ས་རྣམས་རྗེས་འཇུག་བཅུ། །ད་དང་ས་གཉིས་ཡང་འཇུག་སྟེ། །

ད་ནི་ན་ར་ལ་གསུམ་དང༌། །ས་ནི་ག་ང་བ་མར་འཐོབ། །



༈ ག་ད་བ་མ་འ་སྔོན་འཇུག །



༈ གོ་ངོ་དོ་ནོ་བོ་མོ་འོ། །རོ་ལོ་སོ་ཏོ་སླར་བསྡུ་སྟེ། །

རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ། །དྲག་ཡོད་ཏོ་དང་མཐའ་མེད་འོ། །

གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར། །



༈ སུ་ར་རུ་དུ་ན་ལ་ཏུ། །ལ་དོན་རྣམ་པ་བདུན་ཡིན་ཏེ། །

རྣམ་དབྱེ་གཉིས་བཞི་བདུན་པ་དང༌། །དེ་ཉིད་ཚེ་སྐབས་རྣམས་ལ་འཇུག །

ས་སུ་ག་བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ། །

འ་དང་མཐའ་མེད་ར་དང་རུ། །



༈ གི་ཀྱི་གྱི་འི་ཡི་ལྔ་པོ། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང༌། །

དེ་རྣམས་ས་མཐའ་ཅན་ལྔ་ནི། །རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ། །

སྦྱོར་ཚུལ་ན་མ་ར་ལ་གྱི། །ད་བ་ས་ཀྱི་ག་ང་གི །

འ་དང་མཐའ་མེད་འི་དང་ཡི། །



༈ ཀྱང་ཡང་འང་གསུམ་རྒྱན་སྡུད་དེ། །ག་ད་བ་ས་དྲག་མཐར་ཀྱང༌། །

ང་ན་མ་ར་ལ་མཐར་ཡང༌། །འ་དང་མཐའ་མེད་འང་དང་ཡང༌། །



༈ ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ། །ན་ར་ལ་ས་དྲག་མཐར་ཏེ། །

ད་དེ་ག་ང་བ་མ་འ། །མཐའ་མེད་རྣམས་ལ་ས་སྟེ་འཐོབ། །



༈ གམ་ངམ་དམ་ནམ་བམ་མམ་འམ། །རམ་ལམ་སམ་ཏམ་འབྱེད་སྡུད་དེ། །

སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས། །ར་རུ་འི་ཡི་འང་ཡང་རྣམས། །

རྐང་པ་མི་སྐོང་སྐོང་བའི་ཁྱད། །འོ་འུ་འམ་གྱི་གོང་དུ་ཚེག །

མེད་དང་ཡོད་པའང་དེ་བཞིན་ཡིན། །



༈ ནས་ལས་འབྱུང་ཁུངས་དགར་སྡུད་དེ། །འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས། །

རིགས་མཐུན་དགར་ནས་མི་མཐུན་ལས། །སྡུད་ལ་ནས་སྒྲ་ཁོ་ན་འཇུག།



༈ ཀྱེ་དང་ཀྭ་ཡེ་འབོད་སྒྲ་སྟེ། །ཕལ་ཆེར་མིང་གི་ཐོག་མར་སྦྱོར། །



༈ །ནི་ནི་དགར་དང་བརྣན་པའི་སྒྲ། །



༈ དང་ནི་སྡུད་འབྱེད་རྒྱུ་མཚན་དང་། །ཚེ་སྐབས་གདམས་ངག་ལྔ་ལ་འཇུག །



༈ མིང་གི་ཐོག་མའི་དེ་སྒྲ་ནི། །ཐ་སྙད་འདས་མ་ཐག་པ་དང༌། །

རྣམ་གྲངས་གཞན་ཅན་གཉིས་ལ་འཇུག །



༈ ཅི་ཇི་སུ་གང་སྤྱི་སྒྲ་སྟེ། །ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །

སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། །སུ་ནི་གང་ཟག་གང་ཀུན་ལའོ། །



༈ ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །

བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །

བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །

མིང་མཐའི་པ་བའང་ཕལ་ཆེར་འདྲ། །མ་ནི་ངེས་མེད་སྐབས་དང་སྦྱར། །



༈ མ་མི་མིན་མེད་དགག་སྒྲ་སྟེ། །མ་མི་ཐོག་མར་མིན་མེད་མཇུག །

མ་ནི་བར་གྱི་གསལ་བྱེད་ལའང༌། །



༈ ཚིག་ཕྲད་ཞིང་སོགས་ང་ན་མ། །འ་དང་ར་ལ་མཐའ་མེད་མཐར། །

ཞིང་ཞེས་ཞེ་འོ་ཞེ་ན་ཞིག །ག་ད་བ་དང་ད་དྲག་མཐར། །

ཅིང་ཅེས་ཅེ་འོ་ཅེ་ན་ཅིག །ས་མཐར་དམིགས་བསལ་ཞེས་མ་གཏོགས། །

ཤིང་ཤིག་ཤེ་འོ་ཤེ་ན་འཐོབ། །འོན་ཀྱང་ཁ་ཅིག་ལྷན་ཅིག་སོགས། །

མིང་གི་ཆ་དང་མ་ནོར་གཅེས། །

 


༈ རྐྱང་པ་འཕུལ་ལ་འ་མཐའ་དགོས། །གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང༌། །

 


༈ ལྷུག་པའི་དོན་མང་མིང་མཚམས་དང༌། །དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། །

ཚིགས་བཅད་ག་མཐར་ཆིག་ཤད་བྱ། །རྫོགས་ཚིག་མཐའ་ཅན་ལྷུག་པ་དང༌། །

ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། །དོན་ཚན་ཆེན་མོ་རྫོགས་པ་དང༌། །

ལེའུའི་མཚམས་སུ་བཞི་ཤད་དགོས། །ང་ཡིག་མ་གཏོགས་ཡིག་ཤད་དབར། །

ཚེག་མེད་དེ་སོགས་ཞིབ་ཏུ་འབད། །

 


༈ ཚིག་གི་ལོ་མས་མ་བསྒྲིབས་ཤིང༌། །དོན་གྱི་འབྲས་བུ་གཡུར་ཟ་བའི། །ལེགས་བཤད་ལྗོན་པའི་དབང་པོ་འདི། །དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ།། །།